ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག
ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་༡༨༧༦ ༡༩༣༣ ནི་སྐུ་ཕྲེང་ཐམས་ཅད་ཀྱི་ནང་ནས་ཡུལ་གྱི་སྲིད་དོན་དང། དཔལ་འབྱོར་ལ་ཐུགས་སྣང་ཤིན་ཏུ་ཆེ་བས་བོད་ཀྱི་ཆོས་སྲིད་གང་ཅིར་བཀའ་དྲིན་ཆེ་ཤོས་མ་ཟད།སྐུ་ངལ་རིམ་པ་བྱུང་རུང་ནམ་ཡང་སྙིང་སྟོབས་ཞུམ་པ་མེད་པ་ཞིག་ཡིན་ཙང་མཛད་རྣམ་ཅུང་ཟད་རྒྱས་ཙམ་འབྲི་འདོད་ཡོད། དེ་ཡང་སྲིད་རྩད་གཅོད་དུ་ཕེབས་མཁན་ཁོངས་རྒྱུད་སྟོད་མཁན་ཟུར་བློ་བཟང་དར་རྒྱས་བཅས་ལྷ་མོའི་བླ་མཚོ་གཟིགས་སུ་ཕེབས་པར། མཚོ་ནང་ནས་ཡུལ་ཕྱོགས་དང་འཁྲུངས་ཁང་སོགས་གསལ་བར་གཟིགས་པ་དང། གནས་ཆུང་ཆོས་སྐྱོང་ལུང་བསྟན་ཡབ་ཡུམ་མཚན་བཅས་ཤིན་ཏུ་མཐུན་པ་ཡོད་ཀྱང། ཡང་སྲིད་འཁྲུངས་ནས་ཟླ་བ་ལྔ་ལས་མ་ཕྱིན་སྟབས་ངོས་ཛིན་ཞུ་མ་ཐུབ་ཅིང༌། སླར་ཡང་སྐུ་བཅར་ཞབས་འབྲིང་བཅས་ནས་སྐུ་ྋགོང་མའི་ཐུགས་དམ་རྟེན་དང། ན་བཟའ། སྐུ་ཆས་སོགས་བསྣམས་ཏེ་གཟིགས་འབུལ་ཞུས་པར་འཁྲུལབྲལ་ངོས་འཛིན་གནང་བ་དང། པཎ་ཆེན་རིན་པོ་ཆེ་སོགས་བླ་ཆེན་ཁག་དང། གནས་ཆུང་ཆོས་སྐྱོང་སོགས་བསྟན་སྲུང་ཁག་ལུང་ཡང་རྩེ་མཐུན་དྭགས་པོ་གླང་མདུན་གྱི་ཆུང་སྲིད་དེ་རང་ྋརྒྱལ་བའི་མཆོག་སྤྲུལ་ཡིན་པར་ངེས་པ་ལྟར།༡༨༧༧ཟླ་བ་དགུ་པའི་ཚེས་གཅིག་ཉིན་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ནས་ྋརྒྱལ་བའི་ཡང་སྲིད་ཡིན་པར་བོད་རྒྱལ་ཡོངས་ལ་དྲིལ་བསྒྲགས་ཀྱང་གནང་བ་རེད། ལོ་དའི་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ཉིན་དྭགས་པོ་གླང་མདུན་ནས་ཕེབས་ཐོན་གྱིས་ལྷ་ས་དང་ཉེ་བའི་ཚལ་དགུང་ཐང་བདེ་བ་ཅན་དུ་ྋཞབས་སོར་འཁོད། རྒྱལ་ཚབ་སོགས་བླ་ཆེན་མི་ཆེན་རྣམས་ཀྱང་མཇལ་ཕྱག་ཏུ་བཅར། ཕྱི་ལོ་༡༨༧༨ ལོར་པཎ་ཆིནབསྟན་པའི་དབང་ཕྱུག ༡༨༥༥་་༡༨༨༢ གུང་ཐང་དུ་ཕེབས་ཏེ་གཙུག་ཕུད་བཞེས་ཏེ་མཚན་ཡང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། ཕྱི་ལོ་ ༡༨༧༩ ལོར་གསེར་ཁྲིར་མངའ་གསོལ། ལོ་དེར་བོད་དབྱིན་ཚིག་མཛོད་བཟོ་མཁན་གྱི་ས་ར་ཅན་དྷར་རྡཱ་སེ་ཡང་བཀྲས་ལྷུན་དུ་འབྱོར། སྲིད་སྐྱོང་རྟ་ཚག་རིན་པོ་ཆེ་དང། ཕུར་ལྕོགབློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་༡༨༢༤་་༡༩༠༡ རྣམ་གཉིས་ཡོངས་འཛིན་དུ་བསྟེན་ཏེ་གསན་བཞེས་མཛད་མུས་ཐོག།༡༨༨༢ ལོར་སྲིད་སྐྱོང་རྟ་ཚག་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་སྡོམ་པ་བཞེས།༡༨༨༦ ལོར་སྲིད་སྐྱོང་རྟ་ཚག་རིན་པོ་ཆེས་སྲིད་སྐྱོང་ཁྲི་ལོ་བཅུ་གཉིས་གནང་སྟེ་ཞི་བར་གཤེགས། བར་སྐབས་སྲིད་སྐྱོང་དང་རྒྱལ་ཚབ་མང་པོ་བྱུང་བའི་ནང་ནས་དེ་ཉིད་མཛད་རྗེས་ཆེ་ཞིང། དབུས་གཙང་དུ་འབྲུ་གོང་གློ་བུར་འཕར་སྐབས་སྐུ་སྒེར་བླ་བྲང་བཀར་འབྲུ་ཡོད་རིགས་བཏོན་ཏེ་རིན་གོང་གཅོག་ཐབས་གནང་བ་སོགས་མང༌། ལོདེར་བསྟན་གླིང་དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་སྲིད་སྐྱོང་ཁྲིར་ཕེབས།༡༨༨༨ ལོར་པཎ་ཆེན་རིན་པོ་ཆེའི་གཙུག་ཕུད་བཞེས་ཏེ་མཚན་ཡང་ཆོས་ཀྱི་ཉི་མ་༡༨༨༣་་ ༡༩༣༧ ཞེས་གསོལ། ལོ་དེར་གདན་ས་འབྲས་སྤུངས་དང་སེ་ར་གཉིས་སུ་ཆིབས་བསྒྱུར་བསྐྱངས་ཏེ་ལུང་རིགས་ལམ་ནས་དྲངས་པའི་བགྲོ་གླེང་མཛད།༡༨༨༩ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུར་ཆིབས་བསྒྱུར་དང༌།སོག་པོ་ཐོར་རྒོད་རྒྱལ་བཙུན་བློན་པོ་བཅས་ལ་མཇལ་ཁ་དང༌། ཐོར་རྒོད་ས་ཆར་དགོན་སྡེ་གསར་འཛུགས་ཞུ་རྒྱུའི་བཅའ་ཡིག་གནང། ཀོང་པོ་ཞོ་ཁ་ཁུལ་དུ་དངུལ་པར་བཟོ་གྲྭ་འཛུགས་གནང་གིས་༡༨༩༠ ལོར་ཊམ་དཀར་བཅོ་ལྔ་ཉེར་བཞི་འཁོད་པ་དང༌། དེའི་ཕྱི་ལོར་བཅོ་ལྔ་ཉེར་ལྔ་འཁོད་པའི་ཊམ་གསར་པར་འདེབས་གནང་བ་དང་ཆབས་ཅིག།༡༨༩༢ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་དངུལ་ཕུད་སྐུ་འགྱེད་ཕུལ། དེ་ནས་བཟུང་རྒྱ་ཁྱབ་ལ་འགྲེམས་སྟོན་གནང། ཕྲི་ལོ་ ༡༨༩༥ ཕུར་ལྕོག་བྱམས་པ་རིན་པོ་ཆེའི་དྲུང་ནས་དགེ་སློང་སྡོམ་བཞེས་གནང་བའི་ལོ་དེར་ཆབ་སྲིད་ཐུགས་འགན་བཞེས་ནས། བོད་རྒྱལ་ཡོངས་ལ་རྩ་ཚིག་དོན་ཚན་ལྔ་པ་ཞིག་ཀྱང་གནང་ཡོད་པ་རེད། དེ་དང་དུས་མཚུངས་སྲིད་སྐྱོང་དེ་མོ་རིན་པོ་ཆེ་ཆབ་སྲིད་དགོངས་ཞུ་མཛད། ཕྱི་ལོ་༡༨༩༨ལོར་རབ་འབྱམས་གཞུང་ལུགས་ལ་གསན་བསམ་མཐར་ཕྱིན་པའི་མཚན་རྟགས་གྲྭ་བསྐོར་གྱི་དམ་བཅའ་གནང་བར་འབྲས་སེ་དགའ་གསུམ་སོ་སོར་ཆིབས་བསྒྱུར་བསྐྱངས་ཏེ། གདན་ས་སོ་སོའི་མཁན་པོ་དང༌། བླ་སྲུལ། བཀའ་རམས་དགེ་བཤེས་བཅས་ལུང་རིགས་སྨྲ་བ་རྣམས་ནས་བཀའ་པོད་ལྔའི་གཞུང་དོན་དཀའ་གནད་ལ་བརྒལ་བརྟག་རིགས་ལམ་ཕྲ་མོ་ནས་ཕུལ་བར། ྋགོང་ས་མཆོག་གིས་གྲུབ་མཐའ་སོ་སོའི་བཞེད་པ་ཇི་ལྟ་བར་རང་ལུགས་འཛིན་མཚམས་མ་འཆོལ་བར་གསུང་ལན་གནང༌། དེ་རྗེས་ྋགོང་ས་མཆོག་གིས་རྟགས་གསལ་ལུང་རིགས་ལམ་ནས་དྲངས་ཏེ་དཔག་པར་དཀའ་བར་མཛད། ྋརྒྱལ་མཆོག་ལྔ་པས་གདན་ས་གསུམ་ལ་གླེང་བསྲེ་དམ་བཅའ་དང༌། ྋརྒྱལ་མཆོག་བདུན་པས་འབྲས་སྤུངས་སུ་གླིང་བསྲེ་དམ་བཅའ་ཙམ་ལས་མ་མཛད་ཀྱང། ྋརྒྱལ་མཆོག་འདིས་ ༡༨༩༩ ལོར་སྨོན་ལམ་ཆེན་མོར་ལུང་རིགས་སྨྲ་བའི་མཁས་པ་ང་ཡིན་ཟེར་མཁན་བརྒྱ་ཕྲག་དུ་མའི་དབུས་སུ་ལྷ་རམས་དམ་བཅའ་འཇོག་གནང་མཛད་དེ་མཁས་སྙེན་གྲགས་པ་ཅེན་པོ་བྱུང། ཕྱི་ལོ་ ༡༨༩༩ ལོར་ཉི་ཧོང་བཙུན་པ་ཁ་ལྦ་ཁུ་མི་ཨེ་ཁ་ཨི་སློབ་གཉེར་ཆེད་སེར་བྱེས་པི་ཐུབ་ཁང་ཚན་ལ་སྒྲིག་ཞུགས་གནང༌། ཕྱི་ལོ་ ༡༩༠༢ ལོར་པཎ་ཆེན་རིན་པོ་ཆེ་ལ་དགེ་སློང་སྡོམ་པ་སྩལ། དེས་མཚོན་དགེ་ཚུལ་ཆིག་ཁྲི་ཆིག་སྟོང་སྐོར་དང༌། བསྙེན་རྫོགས་ཉི་ཁྲི་བརྒལ་བ་སོགས་སྩལ་བ་ནི་བསྟན་པའི་རྩ་བ་སོ་ཐར་སྡོམ་པ་ཡིན་པས་འདི་ལྷག་བསྟན་པ་ལ་བྱ་བ་མཛད་རྒྱུ་མེད་པར། རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་ཞིག་རེད། ཕྱི་ལོ་༡༩༠༤ ལོར་དབིང་ཇིའི་དཔུང་དམག་ལྷ་སར་འབྱོར་ཉེ་སྐབས་དགའལྡན་ཁྲི་པ་བློ་བཟང་རྒྱལ་མཚན་༡༩༢༧་་༡༩༣༣ མཆོག་སྲིད་ཚབ་ཏུ་བསྐོ་བཞག་ཐོག་ྋགོང་ས་མཆོག་རྩེ་ཕོ་བྲང་ནས་སོག་ཡུལ་ལ་ཕེབས་ཐོན་མཛད། ༡༩༠༤ ལོར་ལྷ་སར་བོད་དང་དབྱིང་ཇི་གཉིས་ཐད་ཀར་ཆིང་ཡིག་བཞག། ༡ ལོ་དེའི་མཇུག་སོག་ཡུལ་རྡཱ་ཁུ་རལ་ ༢ དགའ་ལྡན་དགོན་པར་ྋཞབས་སོར་འཁོད། དེར་ཧལ་ཁ་རྗེ་བཙུན་དམ་པ་ཡང་མཇལ་ཁར་བཅར། ༣ ཁུ་རལ་ཆེན་མོའི་དགའ་ལྡན་ཐེག་ཆེན་གླིང་དུ་དགེ་བཤེས་རྣམས་དང་སློབ་གཉེར་པ་བྱིངས་རྣམས་ལ་དཔེ་ཁྲིད་གནང༌། ྋགོང་ས་མཆོག་གིས་དམ་བཆའ་འཇོག་དནང་མཛད་དེ། ཁུ་རལ་ཆེན་མོའི་དགེ་བཤེས་རྣམས་ནས་རྟགས་གསལ་ཕུལ་ཏེ་མཇལ་ཁ་ཞུས།༡༩༠༥ ལོར་པི་ཅིན་དུ་བཅའ་བཞུགས་རུ་སུའི་དཟུང་ཚབ་ཆེད་བཅར་གྱིས་རུ་སུའི་གོང་མའི་ཞུ་ཡིག་དང་རྒྱ་ཆེའི་རྟེན་བཅས་ཕུལ། ཁོང་གིས་སན་སྦ་ཀྲ་སི་ལ་བོད་དགོན་ཞིག་དང་དཔེ་མཛོད་ཁང་ཞིག་རྒྱག་རྒྱུའི་རོགས་རམ་གནང་དགོས་ཞུས་པས། ལམ་སེང་དཔེ་མཛོད་རྒྱག་རྒྱུའི་ཞལ་བཞེས་གནང་སྟེ། བོད་དབུས་གཙང་ཁམས་གསུམ་ནས་དཔེ་ཆ་རྒྱ་ཆེར་རྩོལ་སྒྲུབ་དང༌། བོད་གཞུང་ནས་ཀྱང་དཔེ་རྒྱུན་ཤིན་ཏུ་མང་པོ་དང༌། སྐུ་རྟེན། ྋརྒྱལ་བའི་གཟིམ་ཆུང་ཉེར་བཅས་གསོལ་རས་གནང་སྟེ། དེང་དུས་ལེ་ནན་གྷོ་ཌ་ལ་ཡོད་པའི་བོད་ཀྱི་དཔེ་མཛོད་ཆེན་པོ་འདི་བྱུང་འདུག། ཕྱི་ལོ་༡༩༠༦ ལོར་འཇམ་མགོན་ཙོང་ཁ་པ་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་དུ་ྋཞབས་སོར་འཁོད༌། སྐུ་འབུམ་དུ་ལོ་འཁོར་གཉིས་ཙམ་བཞུགས་རིང་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ནས་བྱང་ཆུབ་ལམ་རིམ་གཙོས་ཟབ་ཆོས་མང་པོ་དང། བྱང་ཁྱུང་དགོན་བདེ་ཡང་སྙན་གྲགས་རྒྱ་མཚོ་ནས་ལྷོ་བྲག་བཀའ་འབུམ། མཁས་དབང་དཔའ་རིས་བློ་གྲོས་རབ་གསལ་ནས་རྙན་ངག་མེ་ལོང་མ་དང༌། དབྱངས་ཅན་སྒྲ་མདོ་སོགས་གསན། གཞན་ཡང་སྐུ་འབུམ་དགོང་གྱི་སྒྲིག་ལམ་ལ་དག་ཐེར་དང་བཅའ་ཡིག་སྩལ། སྐབས་དེར་ཉི་ཧོང་ཐེ་ར་རྨོ་ཐོ་ལ་ཡང་མཇལ་བཅར་གནང། ༡༩༠༧ ལོར་སྐུ་འབུམ་ནས་གནས་མཆོག་རི་བོ་རྩེ་ལྔ་དང་ྋགོང་མ་མཇལ་ཕྲད་དུ་རྒྱ་ནག་ལ་ཕེབས་ཐོན་གནང། ༡༩༠༨ ལོར་རི་བོ་རྩེ་ལྔ་ལ་གནས་གཟིགས་ཆིབས་བསྒྱུར་དང༌། འཇར་མན་གཞུང་ཚབ་ལ་ཡང་མཇལ་བཅར་གནང༌། སྐབས་དེར་ཉི་ཧོང་ཉི་ཤི་ཧོང་ཧང་རྗིའི་གདན་སའི་ཁྲི་པ་ཨོ་ཏན་ནི་ཁོ་རྗུས་ྋགྱལ་དབང་མཆོག་རི་བོ་རྩེ་ལྔར་ཕེབས་པར་མཁྱེན་མ་ཐག་སྐུ་མཆེད་ཆུང་བ་ཨོ་ཏན་ནི་སོན་ཡུ་ྋརྒྱལ་དབང་མཆོག་དང་མཇལ་ཁར་བཏང་པ་ལྟར། ཟླ་ ༦ ཚེས་ ༤ མཇལ་བཅར་ཞུས། དེ་ནི་ཉིན་ཧོང་ནང་པའི་བླ་ཆེན་གྱིས་ཏཱ་ལའི་བླ་མ་མཇལ་བ་དང་པོ་དེ་རེད། ཕན་ཚུན་སློབ་གཉེར་བ་གཏོང་རྒྱུའི་བཀའ་མོལ་ཡང་གནང། ཁོང་ལ་ཤེར་ཕྱིན་མདོ་སོགས་ཕྱག་དཔེ་མང་པོ་གསོལ་རས་སྩལ། ༡༩༡༥ ལོར་གསོལ་རས་གནང། པི་ཅིང་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཀྱིས་མཇལ་བཅར་ཞུས། རྒྱ་ནག་དགོང་དང་མཇལ་ཕྲད་གནང༌། པི་ཅིང་དུ་བཞུགས་རིང་ཨརི། དབྱིང་ཇི། ཨུ་རུ་སུ། ཉི་ཧོང། ཕ་རན་སི། འཇར་མན་བཅས་ཀྱི་གཞུང་ཚབ་སོ་སོར་སྐུ་ཚབ་གཏོང་གནང་མཛད།༡༩༠༨ ཟླ་ ༡༠ ཚེས་ ༢༨ ཉིན་པི་ཅིང་ནས་བོད་ལ་ཕེབས་ཐོན་མཛད། ༡༩༠༨ ཟླ་ ༡༡ ཚེས་ ༡༡ ཚེས་ ༩ ཉིན་ལྷ་སར་ྋཞབས་སོར་འཁོད། ༡༩༡༠ ལོར་ལུའུ་ཅུན་རྒྱ་དམག་ལྷ་སར་འབྱོར་ཏེ། དགའ་ཁྲི་ཚེ་སྨོན་གླིང་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ ༡༩༠༨་་ ༡༩༡༤ སྐུ་གམ་དུ་མཆེད་འབོད་ཀྱི་ཆབ་སྲིད་བཀའ་སློབ་དང། སྨོན་ལམ་ཆེན་མོར་རྒྱ་སོག་ནས་ཕྱིར་ཕེབས་ཕྱག་སྐྱེས་ཊམ་དཀར་དགའ་ལྡན་ཕོ་བྲང་འཁོད་པ་འབུལ་འགྲེམས་སོགས་བཀའ་མངགས་དང༌། རྒྱལ་ཚབ་ཏུ་དབང་བསྐུར་ཏེ། དེ་གའི་མཚན་གུང་རྒྱ་གར་ལ་ཕེབས་ཐོན་མཛད། བཀའ་དགོངས་བཟིན་སྨོན་ལམ་ཆེན་མོར་དགེ་འདུནརེར་ཊམདཀར་ཉི་ཤུ་རེར་སྐུ་འགྱེད་སྩལ། ྋརྒྱལ་དབང་མཆོག་རྒྱ་གར་དུ་ལོ་འཁོར་གཉིས་བཞུགས་ཏེ། ༡༩༡༢ ༥ ༡༠ ཉིན་ཀ་སྦུག་ནས་བོད་ལ་ཕེབས་ཐོན་མཛད་དེ། ༡༩༡༣ ༡ ༡༧ ཉིན་ལྷ་སར་ཞབས་སོར་འཁོད། ཕལ་ཆེར་ལོ་དེའི་ནང་ཤོག་དངུལ་ཡང་དང་པོ་འགྲེམས་སྤེལ་མཛད། དེ་རྗེས་བོད་དངུལ་རིགས་མང་པོ་འདོན་འགྲེམས་མཛད། ༡༩༡༣ ལོར་ཡིག་སྐྱེལ་སྦྲག་ཟམ་འཛུགས་གནང་དང་ཆབས་ཅིག་སྦྲག་ཐེལ་འདོན་འགྲེམས་དང། བོད་ཕྲུག་བཞི་ཨིང་ལན་རག་སྦིའི་ཞེས་པའི་སློབ་གྲྭར་གཏོང་གནང་མཛད་པར། དེ་ཁོངས་རིག་འཛིན་རྡོ་རྗེས་གློག་གི་སློབ་སྦྱོང་བྱས་ཏེ་ལྷ་སའི་གྲོང་ཁྱེར་དང་ནོར་གླིང་བཅས་པར་ཆུ་གློག་གསར་འཛུགས་གནང།༡༩༡༣ ལོར་ཉི་ཧོང་ཡ་ཇི་མ་ཡ་སུ་རྗི་རོ་ཞེས་པ་ལྷ་སར་འབྱོར་ཏེ་བོད་གཞུང་དམག་སྒར་གཅིག་ལ་ཉི་ཧོང་དྲག་པོའི་ལུགས་སྲོལ་ལྟར་སློབ་སྦྱོངབྱཻད་དུ་བཅུག།
༡༩༡༡ ལོར་ཨོ་ཏ་ནི་སོན་ཡུ་གྱིས་ཨཨོ་ཁི་སྦུང་ཁྱོ་རྡོར་གླིང་དུ་ྋསྐྱབས་མགོན་མཆོག་མཇལབར་བཏང༌། རྗེས་ལོ་ལྷ་སར་ཕྱིན་ཏེ་འབྲས་སྤུངས་སུ་ཆོས་ཞུགས་གནང་སྟེ་ལོ་འཁོར་ལྷག་ཙམ་བསྡད། ༡༩༡༢ ལོར་ཉི་ཧོང་ཐ་ཐ་ཐོ་ཁང་ཚ་བ་ཁྲི་སྤྲུལ་དང་མཉམ་དུ་རྡོར་གླིང་དུ་གཏོང་གནང་གིས་ལོ་འཁོར་ཙམ་བོདསྐད་བསླབས་ཏེ། ༡༩༡༣ ལོར་སེར་བྱེས་གྲྭ་ཚང་དུ་འཛུལ་ཞུགས་ཀྱིས་ལོ་བཅུ་ཙམ་བསྡད། ༡༩༠༤ ལོར་དབྱིན་གཞུང་དང་བོད་གཞུང་གཉིས་ལྷ་སར་བཞག་པའི་ཆིངས་ཡིག་ཞྭ་སྒབ་པའི་རྒྱལ་རབས་སྨད་ཆ་༦༢༩ དང་ ༡༩༡༤ ལོར་རྒྱ་བོད་དབྱིན་གསུམ་གྱིས་སིམ་ལར་བཞག་པའི་ཆིངས་ཡིག་ཞྭ་སྒབ་པའི་རྒྱལ་རབས་སྨད་ཆ་ ༦༣༥ནང་གསལ། ༡༩༡༦ ཟླ་བ་བཅུ་པའི་ཚེས་བཅུ་དགུ་ནས། ༡༩༡༩ ཟླ་བ་བརྒྱད་པའི་ཚེས་ཉེར་བཞི་བར་ནོར་གླིང་ཕོ་བྲང་དུ་རྡོ་རྗེ་འཇིགས་བྱེད་ཀྱི་ལྗགས་བསྙེན་གནང་རིང་བཅད་འོག་ཏུ་དམིགས་བསལ་གཞུང་ཞབས་དང་སྐུ་བཅར་གཏན་བཞུགས་རྣམས་ལས།
དེ་བྱིངས་མཛད་སྒོ་དང་མཇལ་ཕྱག་ཚང་མར་ན་བཟའ་གདན་ཞུས་ཐོག་གནང་བ་དང༌། ཆབ་སྲིད་མཛད་གལ་ཆེ་བའི་སྙན་ཞུ་དང་འཆར་གཞིའི་སེང་དབར་ཐུགས་ཞིབ་ཀྱིས་ཕྱག་རྟགས་གནང།༡༩༣༡ལོར་གྲྭ་བཞིར་གློག་འཕྲུལ་ལས་ཁུངས་གསར་བསྐྲུན་གནང་སྟེ་གློ་འཕྲུལ་ལ་བརྟེན་ནས་དངུལ་པར་དང་མེ་མདའ་སོགས་བཟོ་ལས་རྒྱ་ཆེར་བཙུགས།༡༩༡༧ལོར་བལ་ཡུལ་མཆོད་རྟེ་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་སོགས་མཆོད་རྟེན་རྣམ་གསུམ་ལ་ཉམས་གསོ་རྒྱ་ཆེར་མཛད། ༡༩༢༠ ལོར་འབྲས་སྤུངས་པར་ཁང་དང། ཞོལ་པར་ཁང། རྟག་བརྟན་ཕུན་ཚོགས་གླིང་གི་པར་ཤིང་ལོ་མང་བསྐུལ་ཟད་དང། འབྲུ་ཉམས་དང་འཁྲུགས་པ་རྣམས་ཉམས་གསོ་དང། ལ་མོ་ཤར་ཕྱག་ཟུར་བྱམས་པ་ཆོས་བཟང་གིས་སྦྱིན་བདག་ཞུས་ཏེ་བུ་སྟོན་གསུང་འབུམ་པོད་ཉི་ཤུ་རྩ་དྲུག་གི་པར་ཤིང་གསར་བསྐྲུན་དང། ༡༩༢༡ ལོར་འབྲི་གུང་སྒོ་ལྕོག་སྤྲུལ་སྐུའི་བླ་བྲང་ནས་བཀའ་འགྱུར་པར་བརྐོ་ཡོང་བའི་ཞབས་བསྐུལ་ཞུས་པ་བཞིན་གཉའ་སྐྱིད་རོང་གསུམ་སོགས་ནས་ཤིང་སྤྲུལ་ལེགས་སྒྲུབ་རྩོལ་ཐོག། རྒྱུ་འགྲོ་འཕར་སྣོན་ཇི་དགོས་སྩལ་ཏེ་པར་བརྐོའི་ལས་གྲྭ་ཚུགས་ཏེ། སྒོ་མང་ཀྲུ་འབུམ་ལྷ་རམས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཞུ་དག་མཛད་པོར་བརྐོ་བཞག་སྩལ་ཞིང། ལོ་ངོ་བཅོ་ལྔ་ཙམ་གྱི་ཁོངས་སུ་གྲུབ་སྟེ་པོ་ཏཱ་ལའི་ཞོལ་དུ་བཞུགས། པཎ་ཆེན་བླ་བྲང་གཞུངས་གཉིས་པ་ལྟ་བུར་བརྟེན་གཞུང་ནས་ལོ་རེའི་དམག་ཕོགས་ཇི་སོང་བཞི་ཟུར་རེ་སྒྲུབ་འབུལ་ཞུ་དགོས་བཀའ་དཔྱད་གནང་བར་ངོ་རྒོལ་གྱི་རྣམ་པས། ༡༩༢༥ ལོར་རྒྱ་ནག་ཏུ་ཚབས་འབྱོར་ཐུབ་ནས་གོ་མིང་ཏང་གཞུང་ནས་སྣེ་ལེན་དང༌། ཀུན་གཟིགས་མཆོག་བེད་སྤྱོད་བཏང་སྟེ་གོ་མིང་ཏང་ནས་བདོ་ལ་བསུན་གཙེར་བྱེད་རྒྱུའི་སྲིད་དོན་ལག་ཆ་ཞིག་ཏུ་ཉརཏེ་བོད་ལ་འཇམ་རྩུབ་ཐབས་ཤེས་ཡང་ཡང་བྱས་ཀྱང། ྋགོང་ས་བཅུ་གསུམ་པའི་སྐབས་གནོད་སྐྱོན་གང་ཡང་མ་བྱུང་ཡང། ལས་དོན་དེ་དག་ལ་བརྟེན་ནས་ད་ལྟའི་བོད་ཀྱི་གནས་ཚུལ་ཐབས་སྡུག་འདིའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་པ་རེད།༡༩༢༨ ལོར་དབྱིན་ཡིག་སློབ་གྲྭགསར་འཛུགས་མཛད་དེ་ལོ་འཁོར་གསུམ་ཙམ་སོང་རྗེས་གདན་ས་གསུམ་གྱི་མཁན་པོ་སོགས་ཀྱིས་དབྱིན་སྐད་སློབ་གྲྭ་བཙུགས་ན་ནང་ཆོས་ལ་འགལ་རྐྱེན་ཡོད་ཚུལ་ཤུགས་ཆེར་ཞུས་རྐྱེན་སློབ་གྲྭ་ཕྱིར་འཐེན་མི་གནང་མཐུ་མེད་བྱུང་ཞིང། ༡༩༤༥ རྒྱ་གར་ནས་དབྱིན་དགེ་ཆེད་འབོད་ཀྱིས་ལྷ་ལྡན་དྲུང་སྤྱི་གླིང་གར་སློབ་གྲྭ་གསར་འཛུགས་ཀྱིས་དེར་སྔ་དྲོ་ནང་ཆོས་སློབ་སྟོན་དང། དེ་ནས་ཉིན་གུང་བར་དབྱིན་ཇིའི་སྐད་ཡིག་སོགས་དང། ཉིན་གུང་རྒྱབ་ནས་བོད་ཡིག་འབྲི་ཀློག་བྱེད་མུས་ཟླཤས་རྗེས་གདན་སའི་མཁན་པུ་རྣམས་ནས་སྔར་བཞིན་ངོ་རྒོལ་མཐའ་བཀག་བྱས་རྐྱེན་སློབ་གྲྭ་ཕྱིར་བསྡུ་གནང་སྟེ། རྡོ་རྗེ་གླིང་སན་ཇོ་སེབ་སློབ་གྲྭར་སློབ་ཕྲུག་བཅུར་བོད་གཟུང་ནས་འགྲོ་གྲོན་གནང་སྟེ་གཏོང་དགོས་བྱུང་བ་རེད།༡༩༢༠ ལོར་ཕྱི་སོག་ནང་ཨུ་རུ་སུའི་དམར་པོའི་ལས་ལུགས་དར་བ་ནས་བཟུང་བོད་ནང་སོག་པོ་བྲོས་བྱོལ་བ་རེ་ཟུང་ལས། དངོས་སུ་སློབ་གཉེར་ལ་ཡོང་མིའི་འབྲེལ་བ་ཆད། ༡༩༢༩ ལོ་ནས་ལྷ་སར་ྋགོང་ས་ཆེན་པོ་ཕོ་བྲང་ཡས་མས་དང། གྲྭ་བཞི་གློག་འཕྲུལ་ལས་ཁུངས་སོགས་ལ་ཆིབས་བསྒྱུར་གནང་བྱེད་རླངས་འཁོར་ཆེ་ཆུང་བཞི་ཙམ་རྒྱ་གར་ནས་འདོན་འདྲེན་གནང། ༡༩༣༣ ཟླ་བ་བཅུ་པའི་ཚེས་སུམ་ཅུར་དགུང་གྱངས་ང་བརྒྱད་དུ་ཕེབས་པའི་ལོར་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ། མདོར་བསྡུ་ནས་བཤད་ན། གཞུང་ཆེན་དཀའ་པོད་ལྔར་གསན་བསམ་མཐར་ཕྱིན་ཏེ་ལྷ་རམས་དམ་བཅའ་མཚན་བཞེས། འཇིགས་བྱེད་ལྗགས་བསྙེན་ཆེན་མོ། བྱང་ ཆུབ་ལམ་རིམ་ ཆེན་མོའི་བཤད་ཁྲིད་དང། རབ་བྱུང་དགེ་ཚུལ་སློང་སྡོམ་པ་ཁྲི༌།པྲག་སྩལ་བ། གདན་ས་གསུམ་གྱིས་དཙོས་རིས་མེད་དགེ་འདུན་སྡེ་མཆིས་སོ་ཅོག་ལ་བཅའ་ཡིག་རིམ་པར་གནང་ཞིང། ལྷ་རམས་དེག་བཤེས་རྩོད་རྒྱུགས་བཞེས་ཏེ་ཨང་ཐོབ་རིགས་མ་ཏོགས་རྒྱུད་པའི་བླ་མ་དབུ་མཛད་དང་མཁན་པོ། ཤར་བྱང་ཆོས་རྗེ། དགའ་ཁྲིར་རང་བཞིན་ཕེབས་མི་ཆོག་པའི་རྒྱས་བཅད་དང། བཀའ་འགྱུར་མཚོན་དཔེ་རྒྱུན་དཀོན་ངེས་མང་པོ་ཞིག་ཤིང་པར་གསར་བསྐྲུན། གཙུག་ལག་ཁང་མང་པོ་ཉམས་གསོ་མཛད་པ་དང༌། གསུང་འབུམ་པོད་ལྔ་བཟུགས་པ་སོགས་ཆོས་ཕྱོགས་མཛད་པ་བསམ་གྱིས་མི་ཁྱབ་པ་དང། སྲིད་ཕྱོགས་ནས་ཀྱང་རང་སྡེ་རང་སྲུང་དྲག་པའི་སྒྲིག་འཛུགས་དང༌། རུ་སུ། དབྱིང་ཇི། ཨ་མི་རི་ཀ། རྒྱ་གར། ཉི་ཧོང། སོག་ཡུལ། བལ་ཡུ། འབྲུག་ཡུལ་སོགས་ཀྱི་དཔོན་རིགས་རྣམས་ལ་ཕྱག་བྲིས་སྩལ་པ། མི་སེར་ལ་འཚོ་གཟིགས་ཆེ་བ། དཔལ་འབྱོར་རྒྱས་ཐབས་སུ་ས་སྟོང་བེད་མེད་རྣམས་ལ་ཁྲུ་འདུལ། ཤིང་རིགས་འདེབས་ལས། སྨན་རྩིས་སློབ་གྲྭ་གསར་འཛུགས་དང་འབྲེལ་བས་སྨན་སྦྱིན། ཏར་སྦྲག་དང། ཆུ་གློག། སྐོར་སྲུང་སོགས་གསར་འཛུགས་མཛད་པ་སོགས་བསམ་གྱིས་མི་ཁྱབ་བོ། རྒྱས་པ་ནི་ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་ ༡༩༣༦ ༡༩༤༠ མཛདཔའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་བ་སྟོག་སྨད་དུ་གསལ་ལོ།།
དེ་ལྟར་ྋརྒྱལ་དབང་མཆོག་གི་དགོངས་བཞེད་བཞིན་རྒྱལ་ཁབ་རང་བཙན་རྒྱུན་གནས་དང་ཡར་རྒྱས་དཏོང་རྒྱུའི་ལས་འགུལ་བརྩམ་རྒྱུའི་ཚབ་ཏུ། ྋརྒྱལ་དབང་སྐུཕྲེང་བཅུ་གསུམ་པ་དགོངས་པ་གཟན་དོན་དུ་གཤེགས་རྗེས་བདུན་ཕྲག་འགའ་ཤས་ནས་རྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལགས་ཀྱིས་སྐུ་ཕྱྭའི་སྐོར་སྲིད་བློན་དང་བཀའ་ཤག་ལ་སྙན་སེང་འཕྲལ་འཕྲལ་གནང་མ་ཐུབ་པའི་ལེ་ཐོགས་ཡོད་པར་བསྙདབཏགས་ཏེ་ཀུན་འཕེལ་ལགས་ཀྱིས་གཙོས་ྋགོང་ས་མཆོག་གི་སྐུ་བཅར་ཟབས་འབྲིང་རྣམས་ལ་ཞུ་བཞེས་དང་འབྲེལ་ཁྲིམས་གཅོད་བྱེད་པ་སོགས་ཅབ་སྲིད་འཅོལ་བའི་ལས་འགུལ་འགོ་ཚུགས།༡༩༣༤ ལོར་རྭ་སྒྲེང་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་རྒྱལ་ཚབ་ཀྱི་ཁྲིར་ཕེབས། དེ་ནས་རིང་པོར་མ་སོང་བར་རྩིས་དཔོན་ལུང་ཤར་པ་རྡོ་རྗེ་ཚེ་རྒྱལ་གྱིས་འགོ་འཁྲིད་གཞུང་ཞབས་འགའ་ཤས་གསར་བརྗེའི་ཆེད་ཟུར་ཚོགས་བྱས་པ་རྒྱལ་ཚོ་རྭ་སྒྲེང་རིན་པོ་ཆེས་མཁྱེན་ཏེ། རྩིས་དཔོན་ལུང་ཤར་པའི་མིག་འབྲས་ཕྱུང་བའི་ཉེས་པ་བཏང༌། སྐབས་དེའི་རྭ་སྒྲེང་རིན་པོ་ཆེ་ལ་རང་གི་བླ་བྲང་ཡར་རྒྱས་གཏཔང་རྒྱུའི་དགོངས་པ་ཙམ་ལས། ཆབ་སྲིད་ལ་མཁྱེན་མྱོང་དང་ཡང་མེད་པར་བརྟེན་ཆབ་སྲིད་ལ་མཁྱེན་རྒྱ་དང་མྱོང་བ་ཆེ་བའི་ཐོག། ཨིང་ལེན་དུ་ཡང་ལོ་འཁོར་གཅིག་ཙམ་བཞུགས་པས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ཡང་མཁྱེན་རྒྱ་ཆེ་ཞིང། ྋགོང་ས་མཆོག་གིས་གཟིགས་མཐོང་ཆེ་བའི་ལུ་ཤར་པ་མེད་པ་བཟོ་བ་སོགས་ཆབ་སྲིད་འཆོལ་བའི་ལས་འགུལ་བརྩམས། ྋརྒྱལ་དབང་མཆོག་གི་སྐུ་གདུང་བཞུགས་སུ་གསོལ་བའི་གསེར་གདུང་བཞེངས་རྒྱུའི་ལས་གྲྭ་བཙུགས་ཏེ། ྋགོང་ས་ལྔ་པ་ཆེན་པོའི་གསེར་གདུང་ལ་སྐུ་ཚད་ཐོག་ཚད་ལྔ་ཡོད་པ། དེ་ལས་ཀྱང་རྒྱུག་མཐོ་ལྔས་སྐུ་ཚད་ཆེ་བ་དང། རིན་ཆེན་རིན་བྲལ་སྣ་ཚོགས་པའི་རྒྱན་གྱིས་སྤུད་པའི་གསེར་གྱི་མཆོད་སྡོང་གཟི་བྱིན་འབར་བ་འདི་ཉིད་ལོ་འཁོར་གཉིས་ཀྱི་རིང་ལེགས་པར་གྲུབ་བོ།