འཛམ་གླིང་སྤྱི་བསང་།
བོད་ཟླ་༥ ཚེས་༡༥ ཉིན་ནི་འཛམ་གླིང་སྤྱི་བསང་ཞེས་ཡོངས་སུ་གྲགས་པ་ཡིན། དེ་ཡང་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་བྱུང་སྟེ་སྐྱེ་བོ་མཆོག་དམན་ཡོངས་ལ་རབ་སྟོན་རྒྱ་ ཆེན་པོ་དང་འབྲེལ་འཛམ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་ཡང་བསང་གིས་གཟབ་རྒྱས་བསང་གསོལ་བྱེད་པའི་དུས་བཟང་དེར་འཛམ་གླིང་སྤྱི་བསང་ཞེས་གྲགས། དེར་བརྟེན་ཟླ་འདིའི་ཚེས་༡༥ གོང་ཡར་ངོའི་དབྱར་གསོལ་ ཞེས་ཚེས་བཟང་བ་ཞིག་ལ་བོད་གཞུང་ནས། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང༌། དགའ་གདོང་སོགས་གཞུང་བསྟེན་བསྟན་སྲུང་རྣམས་ལ་གཟབ་གསོལ་དང་སྦྲགས་རྩེའི་སྐུ་ཚབ་མཁན་ཆེ་དང༌། ཡིག་ཚང་ནས་སྦུག་དམ་ལུང་ཞུས། བཀའ་ཤག་དང་ཤོད་སྐོར་ཡོངས་རྫོགས་དེར་བཅར། ཆོས་སྐྱོང་ཆེན་པོས་རྒྱལ་བསྟན་ཆབ་སྲིད་སྐོར་གྱི་བཀའ་ལུང་སྩལ་ཏེ་གཞུང་ཞབས་རྣམས་ཕྱིར་ལོག ྋགོང་ས་མཆོག་ནོར་གླིང་དུ་དབྱར་གྱི་རྒྱལ་མོའི་ནམ་ཟླའི་སྤྲོ་བཞེས་སུ་ཕེབས་སྟོན་ནམ། དབྱར་གསོལ་རྗེས་དགའ་སྟོན་ཉིན་གསུམ་ནས་ལྔ་བར་གཏོང་སྲོལ་ཡོད། དེ་བཞིན་མི་མང་རྣམས་ཀྱང་རང་རང་སོ་སོའི་འཁོས་འབྱོར་དང་བསྟུན་རྣམ་དཀར་མཆོད་འབུལ་དང༌། བསང་མཆོད་སོགས་ཕུལ་རྗེས། བྱ་གཡབ་ཕུབས་ཏེ་བཟའ་བཏུང་ཕུན་སུམ་ཚོགས་པར་ལོངས་སྤྱོད་ཀྱིན་ རྐང་བྲོ་གླུ་གཞས་ཀྱིས་མཚོན་ཉིན་མང་པོ་དགའ་དགའ་སྐྱིད་སྐྱིད་ཀྱི་ངང་གླིང་ག་གཏོང་གི་ཡོད། སྤྱིར་བཏང་ཟླ་༥ ཚེས་༡ ནས་༡༥ བར་སྤྱི་བསང་དུ་བཙི་ཡང༌། གཙོ་ཆེ་ཡོངས་གྲགས་ནི་ཚེས་༡༥ ཉིན་བྱེད་པ་ཡིན་ནོ།། །།