མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་ ༥༥ པའི་སྐབས་ངོ་རྒོལ་སྤེལ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༦ ཉིན་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་ ༥༥ པའི་སྐབས་སུད་སི་དང་ལེག་ཏེན་སིཌཡན་བོད་རིགས་མི་མང་ཚོགས་ཀྱི་གོ་སྒྲིག་འོག་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་མི་གྲངས་ ༤༥ ལྷག་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་སྤེལ་ཡོད།

མཛད་སྒོའི་ཐོག་བོད་རིགས་མི་མང་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། སྤྱི་ཟུར་གངས་གཞོན་ཚང་ངག་དབང་རྒྱལ་མཚན་ལགས། སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་དང་བསྟན་འཛིན་ཆོས་བཟང་ལགས། སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་ཇེག་སི་ཨར་ནལ་ (Jacques Arnal) ལགས་བཅས་ཞི་བའི་ལས་འགུལ་ཐོག་མཉམ་ཞུགས་གནང་ཡོད།  མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཚེ་སྲོག་དོར་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་གྲུབ་མཚམས་བོད་རིགས་མི་མང་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ནས་མཛད་སྒོ་དབུ་འཛུགས་ཀྱིས་གཏམ་བཤད་དང་། དེ་རྗེས་མཉམ་འབྲེལ་རྒྱལ་ཚོགས་སུ་ཕུལ་བའི་ཞུ་ཡིག་སྒྲོགས་སྦྱང་དང་གསར་འགོད་གསལ་བསྒྲགས་བཅས་གནང་ཡོད།

དེ་ནས་སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་ཇེག་སི་ཨར་ནལ་ལགས་ཀྱིས་མང་ཚོགས་ལ་ཨིན་ཡིག་ཐོག་གསུང་བཤད་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་ནས་ཉེ་ལམ་ཁམས་སྡེ་དགེ་དབོན་སྟོད་ཁུལ་དུ་དགེ་འདུན་པ་དང་ཡུལ་མི་ཚོས་གཞུང་ཕྱོགས་ལ་ཆུ་ཤུགས་གློག་འདོན་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོག་ཡོང་རྒྱུ་དང་། ཁོང་ཚོ་གནས་སྤོ་མི་དགོས་པའི་ཞུ་གཏུགས་ཇི་བྱས་ལ་ཉན་འཇོག་མ་བྱས་པའི་ཁར་ད་བར་ཁྱོན་མི་གྲངས་ ༡༠༠༠ ལྷག་རྒྱ་ནག་གི་ཉེན་རྟོགས་པས་འཛིན་བཟུང་བྱས་པ་དེ་དག་རྒྱ་ནག་གཞུང་ནས་བཙན་ཤེད་ཀྱིས་བོད་མི་གནས་སྤོ་བྱེད་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ནས་འབོད་སྐུལ་ཞུས་ཡོད། སུད་སི་བོད་མི་རྣམས་ནས་ད་བར་མ་སྐུལ་དང་བླངས་ཐོག་ལོ་ལྟར་ཞི་བའི་ལས་འགུལ་སྤེལ་དང་སྤེལ་མུས་སུ་ཡོད་པ་བོད་ཀྱི་བདེན་མཐའ་མ་སེལ་བར་ད་དུང་མུ་མཐུད་ལས་འགུལ་རྒྱུན་མི་ཆད་སྤེལ་དགོས་པ་འབོད་སྐུལ་བཅས་ཀྱི་གཏམ་བཤད་རྗེས་བོད་རིགས་མི་མང་ཚོགས་པ་ནས་ཞི་བའི་སྐད་འབོད་དང་བདེན་ཚིག་སྨོན་འདོན་ཏེ་ལས་འགུལ་ཞི་བའི་ངང་སྒྲོལ་བ་བཅས། ། གསལ་འགོད་པ་བཀྲ་ཤིས་རྣམས་རྒྱལ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།